གོ་ལའི་སྙིང་སྟོབས་གསར་བ། (PDF)
གོ་ལའི་སྙིང་སྟོབས་གསར་བ། (PDF)
དེབ་འདིའི་ནང་དུ་འཛམ་གླིང་གོ་ལ་ཡོངས་ཀྱི་དམ་ཆོས་དང་ཚན་གསར་གྱི་ཉིང་ཁུ་བཅས། སྐད་རིགས་གཞན་ཤེས་བྱ་རྣམས་ལ་བོད་ཡིག་གིས་འབྲེལ་བཤད་ཁ་གསལ་བཅས། བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མ་མྱོང་བ
པའི་༧གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བཞེད་དམ་བཅའ་གཉིས་པ་དང་མཐུན་པའི་རྨད་བྱུང་ལེགས་བཤད་ཀྱི་སྐྱེས་ཆེན་པོ་ཞིག་ཡིན་པར་ན་ག་སངས་རྒྱས་བསྟན་དར་གྱིས་བསྔགས་བརྗོད་གནང་། དེབ་འདི་འདྲ་ཞིག་མེད་ན། བརྗོད་བྱ་འདི་འདྲའི་རྒྱ་ཆེན་པོ་ཞིག་མི་ཚེ་ཧྲིལ་བོར་སྦྱངས་ན་ཡང་ཤེས་དཀའ་རུང་། དེབ་འདི་ལ་བརྟེན་ན་ཐམས་ཅད་པོ་ཉིན་ཁ་ཤས་ཀྱི་ནང་དུ་འཛམ་གླིང་ཧྲིལ་བོའི་དམ་ཆོས་ལོ་རྒྱུས་ཚན་གསར་དང་བཅས་པ་ཡོངས་རྫོགས་རག་རིམ་ཤེས་ཐུབ་པ་ཞིག་པ་ཞིག་ཡིན་པས། འདི་ནི་རྩོམ་པོ་དང་བསྒྱུར་པ་པོའི་ལྷག་བསམ་དང་སྙིང་སྟོབས་བརྩོན་འགྲུས་ཆེན་པོ་ལས་བྱུང་བས། བཀྲ་ཤིས་ཤིང་ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་ཞིག་རིན་མེད་ཀྱིས་གནང་སྦྱིན་ཡིན་པས་གོ་སྐབས་མ་ཤོར་རོགས་ཞུ་ཞུ།
དཔར་སྐྲུན་གསལ་བཤད།
༄༅། །གོ་ལ་གསར་པའི་སྙིང་སྟོབས་ཞེས་པ་འདི་ནི་ཤར་མཁན་སྤྲུལ་འཇམ་དཔལ་བློ་ གྲོས་མཆོག་གིས་ལེགས་པར་རྩོམ་སྒྲིག་གནང་ཞིང་། བོད་དགེ་འཇམ་དཔལ་ཚུལ་ཁྲིམས་ ལགས་ཀྱིས་བོད་འགྱུར་དང་རྩོམ་སྒྲིག་གནང་བ་ཞིག་ཡིན། དེབ་འདི་ནི་༸རྒྱལ་བ་ཡིད་ བཞིན་ནོར་བུའི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཉིས་པ་ཆོས་ལུགས་འཆམ་མཐུན་དང་འབྲེལ་བའི་ལེགས་བཤད་རྨད་བྱུང་འཛམ་གླིང་ཆོས་ལུགས་ཕལ་ཆེ་བའི་ངོ་སྤྲོད་རྣམ་ གཞག་གསལ་བར་འཁོད་པའི་དེབ་ཅིག་ཏུ་མཇལ། དེབ་གཉིས་པ་སྟེ་སྨད་ཆར་བོད་དུ་ བྱུང་བའི་བན་བོད་ཀྱི་བྱུང་བ་དང་ལྟ་གྲུབ་དགོན་ཁག་དང་བཅས་པའི་ངོ་སྤྲོད་གསལ་བར་ འཁོད། སྒྱུར་བ་པོས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་ ལ་དཔར་སྐྲུན་ཆེད་འབྲེལ་བ་ཞུས་པ་བཞིན་འདི་ག་དཔར་སྐྲུན་ཚན་པར་ལན་གཅིག་ཀློག་ དགོས་པའི་ལམ་སྟོན་ཕེབས་པ་བཞིན་དེ་རྗེས་དཔར་སྐྲུན་བཀའ་འཁྲོལ་ཐོབ་སྟེ་དེབ་སྟོད་ སྨད་གཉིས་སུ་དཔར་སྐྲུན་ཞུ་གི་ཡོད་པས་འདི་ནི་སྟོད་ཆ་དེའོ།།
རྨད་བྱུང་ལེགས་བཤད་ཀྱི་སྐྱེས་ཆེན་པོ་འདི་ལྟ་བུ་ཞིག་བོད་ཡིག་ཀློག་པ་པོ་རྣམས་ལ་ མཁོ་འདོན་གནང་བ་ནི་དོན་དམ་དུ་ཐུགས་རྗེ་ཆེ་ཞུ་དགོས་པ་ལོས་ཡིན། དེབ་འདི་ཀློག་ པའི་རྗེས་སུ་ཀློག་པ་པོ་རྣམས་ནས་ཐམས་ཅད་མཁྱེན་པའི་ཐུགས་བསྐྱེད་དམ་བཅའ་གཉིས་ པ་དེར་ངེས་ཤེས་འདྲོངས་པའི་རེ་བ་དང་བཅས་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་རིག་ གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་གུས་ན་ག་སངས་རྒྱས་བསྟན་ དར་གྱིས་རབ་གནས་ཆུ་ཡོས་ཏེ་ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ ཉིན་བྲིས་པ་དགེའོ།།
རྩོམ་པ་པོའི་གསལ་བཤད།
༄། །ཕྱི་ལོ་ ༢༠༠༠ ལོར་ཕྲན་རྒྱ་གར་དུ་འབྱོར་དུས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཡོད་པ་ཤེས་རྟོགས་བྱུང་བ་དང་གཅིག ད་ལྟའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་ཡ་གྱལ་རྒྱལ་བ་ཇོ་ནང་བ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་མིང་ཙམ་ཡང་མི་ཤེས་པ་ལ་ངོ་མཚར་ཞིག་སྐྱེས་ཏེ། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྐོར་དང་། ད་ལྟ་དངོས་ཡོད་ཀྱི་བོན་དང་བན་སྡེའི་ཆོས་བརྒྱུད་ཆེན་པོ་བཞི་ཡི་མི་ཚད་པར། རྒྱལ་བ་ཇོ་ནང་བ་དང་བཅས་ཆོས་བརྒྱུད་ཆེན་པོ་ལྔ་བོའི་བྱུང་རབས་དང་། མ་ཟད་དེ་དག་གི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་གསུམ་ཤིན་ཏུ་མདོར་བསྡུས་ཤིག་བྲིས་ན། སྤྱི་ཚོགས་འདི་ལ་གོ་རྟོགས་གསར་བ་ཞིག་སྐྱེ་བར་ཕན་ངེས་རེད་སྙམ་ནས་དེབ་འདི་འབྲི་འདོད་སྐྱེས།བྲིས་ཚར་དུས་སྐུ་སྒེར་ཡིག་ཚང་གི་ལས་མི་ཞིག་ལ་དེབ་འདི་ལ་རྒྱབ་གཉེར་ཞིག་སྤྲོད་རོགས་ཞུས། དེ་དུས་ཁོང་ཚོས་ད་ལྟ་སྤྲོད་ཀྱི་མེད་ཟེར། ཕྲན་གྱིས་ཁྱེད་ཚོས་དེབ་ལ་གཟིགས་ནས་མི་སྤྲོད་ཟེར་ན་འགྲིག་པ་ལས། མ་གཟིགས་པར་མི་སྤྲོད་ཟེར་ན་ཅུང་འགྲིག་གམ་ཞུས། དེ་ནས་ཕྲན་གྱིས་དེབ་དེ་ཅོག་ཙེའི་ཐོག་ཏུ་བཞག་ནས་སོང་བ་ཡིན། ཉིན་ཁ་ཤས་ཀྱི་རྗེས་སུ་ཕྲན་ལ་སྐུ་སྒེར་ནས་བརྡ་མང་པོ་འབྱོར་ནས་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཡོད་ཟེར་འདུག ཕྲན་གྱིས་ཁོང་ཚོའི་ལས་ཁུངས་ཀྱི་མི་ཞིག་གིས་དེབ་ལ་གཟིགས་པའི་རེ་བ་ཙམ་ཡིན་མོད། ཁོང་ཚོས་༸གོང་ས་མཆོག་ལ་ཕུལ་བཞག་པས། ༸གོང་ས་མཆོག་གིས་ཕྲན་ལ་ཐུག་དགོས་གསུངས་ཡོད་ཚོད་རེད། མདོར་ན་ཕྱི་ལོ་ ༢༠༠༣ སྤྱི་ཟླ་བརྒྱད་པའི་ཚེས་ ༢༡ ཡིན་པ་འདྲ། ཕྲན་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་དངོས་སུ་གཟིམ་ཆུང་མཇལ་ཁ་རེག་པ་རེད། དེ་དུས་སུ་༸ཐམས་ཅད་མཁྱེན་པ་ཁོང་གིས་དེབ་འདི་ཧ་ཅང་ཡག་པོ་འདུག་གསུངས། དེ་ནས་ཁོང་གིས་ཆོས་ལུགས་རིས་མེད་བྱེད་པ་འདི་ཤིན་ཏུ་གལ་ཆེན་གྱི་རང་བཞིན་ཡིན་ཚུལ་རྣམས་གསུངས་སོང་ལ། ཆོས་ལུགས་རིས་མེད་པ་ནི་ཤིན་ཏུ་དཀོན་པོ་ཡིན་རབས་དང་།
ཆོས་ལུགས་རིས་མེད་པའི་མཁན་པོ་ཞིག་གིས་མཚན་གསུང་སོང་སྟེ་ད་ལྟ་ཕྲན་གྱིས་དྲན་པའི་ཡུལ་ལས་ཡལ་འདུག། །མདོར་ན་༸གོང་ས་མཆོག་གིས་དེ་དུས་ཐུགས་ཧ་ཅང་དགྱེས་པོའི་སྒོ་ནས།ཁྱོད་ཀྱིས་དེབ་འདི་ཤིན་ཏུ་ཡག་པོ་བྲིས་འདུག གནད་ཧ་ཅང་ཟིན་འདུག་གསུངས། ཅུང་ཙམ་རྒྱས་པོ་ཞིག་འབྲི་ཐུབ་ཀྱི་རེད་དམ་གསུངས་སོང་། དེ་གསུང་དུས་ཕྲན་གྱིས་བསམ་པ་ལ། ད་ཁོང་གིས་དེ་ལྟར་གསུངས་ན་རྟེན་འབྲེལ་ཆེས་བཟང་བོ་ཡིན་པས་མི་ནུས་ཞུ་ག་ལ་རུང་སྙམ་དུ། ལེགས་སོ་ཞུས་པ་ཡིན། ཁ་གསལ་བོ་དགོས་སྙམ་དུ། ད་ལྟ་མྱུར་དུ་འབྲི་ནུས་ས་མ་རེད་ལགས། འོན་ཀྱང་མ་འོངས་པར་ངས་འབྲི་བ་ལ་འབད་བརྩོན་ཞུ་རྒྱུ་ཡིན་ཞུས་པ་ཡིན།དེ་ནས་བཟུང་ཕྲན་གྱིས་སེམས་ཁུར་མང་དུ་བྱས་པ་ཡིན། མི་ལོ་གསུམ་གྱི་རྗེས་ནས་ཕྲན་གྱིས་དབྱིན་ཡིག་ཅུང་ཙམ་ཤེས་པའི་རྗེས་སུ་བསམ་པ་ལ། བོད་ཀྱི་ཆོས་བརྒྱུད་ཐམས་ཅད་པོའི་ལོ་རྒྱུས་སོགས་རྒྱས་ཤོས་ཤིག་བྲིས་པ་ལས། བོད་ཀྱི་ཆོས་བརྒྱུད་རྣམས་གཙོ་བོ་བྱས་ཡོད་པའི་འཛམ་གླིང་ཡོངས་ཀྱི་ཆོས་འབྱུང་དང་ལྟ་གྲུབ་ཀུན་འདུས་ཤིག་དང་། ཆོས་ལུགས་རིས་མེད་ཀྱི་དགེ་སྐྱོན་རང་བཞིན་དང་། རིས་མེད་ཀྱི་ལམ་ལ་བགྲོད་པའི་ཆ་རྐྱེན་དང་བརྒྱུད་རིམ་རྣམས་འབྲི་ཐུབ་ན་ཕན་ཐོགས་སྟོང་འགྱུར་གྱི་ཆེ་བ་དང་། ༸གོང་ས་མཆོག་གི་ཐུགས་དགྱེས་པ་ཡང་དེ་བས་ཆེ་ངེས་རེད་སྙམ་དུ་དེའི་ཐོག་ལ་སེམས་ཐག་བཅད་པ་ཡིན།ཕྲན་གྱི་དབྱིན་ཡིག་གྱི་ཆུ་ཚད་ཤིན་ཏུ་དམན་པས། དེབ་ཀྱི་རྒྱུ་ཆ་འཚོལ་སྒྲུབ་ལ་མི་ལོ་༡༢ རིང་དཀའ་ངལ་ཤིན་ཏུ་ཆེ་བར་བྱུང་བ་ལ་མ་ལྟོས་པར། མཐར་ཕྱི་ལོ་ ༢༠༡༦ ལོར་ ༸གོང་ས་མཆོག་ཨ་རི་ལ་འཛམ་གླིང་ཆོས་ལུགས་ཀུན་གྱི་ཚོགས་ཆེན་ལ་ཕེབས་འཆར་ཡོད་པའི་ཁར་དེབ་འདི་ཁོང་ལ་འབུལ་དགོས་སྙམ་དུ་དེར་འགྲོ་ཆོག་པའི་འཛིན་བྱང་དང་ས་མིག་སོགས་ཉོས་པ་ཡིན། ཕྲན་དེར་འགྲོ་བ་གཏན་ཁེལ་རྗེས་སུ་༸གོང་ས་མཆོག་ཕེབས་པའི་སྐལ་བ་མེད་པ་ཐོས་པས་བློ་ཕམ་ཆེན་པོ་བྱུང་། གང་ལྟར་ཡང་ངས་དེབ་འདི་འབྲི་དགོས་པའི་བརྒྱུད་རིམ་ནི་དེ་འདྲ་ཞིག་ཡིན། དེབ་འདི་དང་དེབ་གཞན་མང་པོ་དབྱིན་ཡིག་ཐོག་ནས་༸གོང་ས་མཆོག་ལ་ཐེངས་ཁ་ཤས་ཕུལ་མྱོང་། ཉིན་ཞིག་བོད་ཡིག་གྱི་དེབ་འདི་ལག་ཏུ་བཟུང་ནས་༸གོང་ས་མཆོག་ལ་དངོས་སུ་ཕུལ་བའི་སྐལ་བ་བཟང་བོ་ལ་ངང་སྒུག་བྱས་ཡོད་དོ།། །།
དེབ་རྩོམ་པ་པོ་ཤར་མཁན་སྤྲུལ་འཇམ་དཔལ་བློ་གྲོས་ནས།
<hr>
© 2024 Library of Tibetan Works and Archives
First Edition: 2024
གོ་ལའི་སྙིང་སྟོབས་གསར་པ།
པོད་དང་པོ།
ISBN: 978-81-970304-2-0
Series Title : Kun phan deb ’phreng VOL.18
Volume Title : Gola’i snying stobs gsar pa (pod dangpo)
Subject : Ocean Of Diversity
Author : Shar Khentul Rinpoche Jampal Lodu
Transletor : Jampel Tsultrim
無法載入取貨情況
Collapsible tab heading
Collapsible tab heading
Fill in the text content of the collapsible item here. You can provide details and explanation for the question here.
Collapsible tab heading
Collapsible tab heading
Fill in the text content of the collapsible item here. You can provide details and explanation for the question here.
Collapsible tab heading
Collapsible tab heading
Fill in the text content of the collapsible item here. You can provide details and explanation for the question here.

